ང་ལ་དུས་ཚོད་དོན་མེད་དུ་གཏོང་བྱེད་ཀྱི་ངན་གོམས་ཤིག་ཡོད་པ་དེ། ཕྱི་རྒྱལ་ཁག་གི་(摔跤)འཇུ་རིས་སམ་རྡུང་རེས་ཀྱི་འགྲན་བསྡུར་ཁག་ལ་ཆད་མེད་དུ་ལྟ་རྒྱུ་ལོབས་ཚར་བ་དེ་རེད། ནམ་རྒྱུན་ཚོགས་པ་གཅིག་གི་འགྲན་རིམ་ལ་བལྟས་པ་ཙམ་གྱིས་ཀྱང་ཡིད་མི་མགུ་བར་ཚོགས་པ་ཆེ་ཁག་གསུམ་ནས་བཞིའི་བར་གྱི་འགྲན་བསྡུར་སྣ་ཚོགས་ལ་མ་བལྟས་པར་འདུག་བཟོད་མེད་པའི་ཚད་དུ་ལྷུང་ཡོད་པ་དེ་རེད། འགྲན་བསྡུར་གྱི་ཚོགས་པ་དག་དཔེར་མཚོན་ཙམ་བཀོད་ན། སྔོན་ཆད་ནས་དགའ་ཞེན་ཆེ་བའི་ཚོགས་པ་(WWE) དང་དེའི་ཡན་ལག་(NXT)ཚོགས་པ། དེ་གཉིས་ཀྱི་ཁ་གཏད་དུ་ཀ་ལངས་ལངས་བྱེད་ཀྱིན་པའི་ཚོགས་པ་གྲགས་སྐད་ཆེ་བ་(AEW)ལྟ་བུ། གཞན་ཉི་ཧོང་གི་ཚོགས་པ་རྩེ་གྲས་ཏེ (NJPW)ཞེས་པ་སོགས་རེད། འོ་ན་དེ་དག་གི་ཕྱོགས་སུ་དུས་ཚོད་ག་ཚོད་ཆུད་ཟོས་སུ་འགྲོ་བཞིན་ཡོད་ཅེ་ན། ཉིན་གཅིག་ལ་ཧ་ལམ་ཆག་མེད་དུ་དུས་ཚོད་གཉིས་ནས་གསུམ་བར་གཏོང་བཞིན་ཡོད་དོ།། དེ་ལྟར་འཕྲོ་བརླགས་སུ་སོང་བའི་དུས་ཚོད་མང་པོ་ཕྱོགས་གཅིག་ཏུ་བསྡམས་ན་མི་ཚེ་གཅིག་གི་བཞི་ཆའི་གཅིག་ནི་དེའི་སྒང་ལ་ཆུ་བཞུར་བ་ལྟར་དོན་མེད་དུ་འགྲོ་བཞིན་ཡོད་པ་འདྲ་བས། སེམས་ཕངས་པ་ཞིག་མ་རེད་དམ། མི་ཚེར་སེར་སྣ་སྐྱེས་ཡོང་བ་ཞིག་ཀྱང་མ་རེད་དམ། མ་འོངས་པའི་བྱ་བཞག་ཡོད་ཚད་འགྲུབ་པར་ཆེས་ཆེ་བའི་འགལ་རྐྱེན་དང་བཀག་རྒྱ་ཡང་དེའོ།། བྱ་བ་ངན་ཞེན་གྱི་ལེ་ལོ་ཞེས་པའི་མཚན་གཞི་དམར་དམར་པོ་དེ་ལ་ཡང་འདི་ལས་ལྷག་པ་ཞིག་འཇོག་རྒྱུ་མེད་ཚོད་རེད། ངན་གོམས་དེ་ནི་དོན་དངོས་ཀྱི་ནག་ཉེས་ཤིག་དང་། རང་མགོ་རང་གཡོག་གི་ངན་སྤྱོད་ཅིག ཡང་ན་རེ་བ་ཡོད་ཚད་ཐལ་བའི་རྡུལ་དུ་རླག་བྱེད་ཀྱི་འཇིགས་རུང་གི་མེ་ལྕེ་དམར་པོ་དེ་ཡིན་པ་ཤེས་བཞིན་དུ་ད་དུང་མགོ་འཕངས་མཐོ་མཐོ་དང་སྣང་བ་སྤྲོ་སྤྲོའི་ངང་ནས་རང་གི་རྣམ་ཤེས་ཀྱི་རྩ་བར་ས་སྤུངས་རྒྱུར་འབད་ཡོང་བ་འདི་རང་ཉིད་ཀྱི་རུལ་སུངས་སུ་གྱུར་ཚར་བའི་ཡ་ང་ཞིང་ཐབས་སྡུག་པའི་རང་དངངས་དངོས་མ་དེའོ།།
网友评论