དམར་ཁ་ཚ།
ནམ་རྒྱུན་སྟོང་བསམ་མམ་འཕྲུལ་སྣང་ཞིག་གི་འཕགས་ཚགས་རྒོད་པོས་ང་སྒུལ་གྱིན་འདུག རྟག་ཏུ་ཡི་གེར་ཕབ་འདོད་ཡོད་ཀྱང་གཞན་གྱིས་མཐོང་བར་དོགས་པའམ་ཁ་སྐྱེངས་ཞིང་ངོ་ཚ་ནས་ནམ་ཡང་འབྲི་མ་ཕོད་པར་དེ་རིང་གི་བར་དུ་ལུས།ཡིན་ཡང་ད་ཚོད་གསང་གྲངས་ཅན་གྱི་ཡིག་སྒམ་ཞིག་ཡོད་པས་ངས་མ་གསང་དྲང་མོས་སེམས་གཏམ་རྣལ་མ་དེ་ཡི་གེར་གཏགས་དགོས་བྱུང་།
སྙིང་སྡུག་ལགས་ སྤྱིར་བཏང་དུ་འཇིག་རྟེན་པ་ཞིག་ཡིན་ན་ཕོ་རེའི་འགྲམ་ན་མོ་རེ་ཟེར་བ་ཅི་བཞིན་རེད་ཧ་ལས་ཧང་སངས་དགོས་པ་ཞིག་མིན་ལ་ཁྱད་མཚར་བའི་དོན་དག་ཅིག་ཀྱང་ཡེ་ནས་མིན།མ་ཚད་སྐྱེས་ཕོ་མོ་སུ་ཞིག་ཡིན་རུང་རང་གི་མ་འོངས་པའི་ཚེ་གྲོགས་ལ་འཕྲུལ་སྣང་གི་བསམ་བློའི་ངོས་ནས་སྟོང་འདང་གི་རི་མོ་དེ་གཟུགས་སུ་ཕབ་མཁན་ཡོད་སྲིད་མོད། ཡིན་ཡང་ང་ནི་དེ་དང་དེ་ལས་འདས་ཏེ་ཚད་བརྒལ་རང་བཞིན་གྱི་ངང་ནས་ངས་རང་གི་སྟོང་བསམ་གྱི་འཇིག་རྟེན་དུ་ཁྱིམ་གཞི་ཆུང་ཆུང་ཞིག་ཅིས་ཀྱང་མ་བསྐྲུན་ཐབས་མེད་བྱུང་སོང་།ཅི་ཞིག་རེད་ཟེར་ན་ཁྱོད་དང་མཉམ་དུ་ཕན་ཚུན་ལ་ཀུ་ཡངས་དང་བཟོད་སྒོམ།གཅེས་སྐྱོང་དང་སེམས་ཁུར་ལ་སོགས་པ་ཨ་གསར་ཙམ་མིན་པར་ཁ་མིན་དོན་གྱིས་གཉེན་སྟོན་ནམ་འཚོ་བའི་དགོས་མཁོ་ཁོ་ན་ལས་བརྒལ་ཏེ་བརྩེ་དུང་གི་དར་སྐུད་རིང་མོས་དམ་དུ་འབྲེལ་ཞིང་ཁ་འགྲིག་འགྲིག་དང་ཁོག་མཐུན་མཐུན་གྱི་བཟའ་ཚང་འདང་འདུན་པ་ཡོད་པ་༼མེ་ཅེས་ལེགས་སྐྱེས་༽ཅེས་པའི་ནང་གི་བཟའ་མི་དེ་གཉིས་འདྲ་ཞིག་བྱུང་རྒྱུ་ནི་ངས་འཇིན་རྟེན་དཀར་ངོགས་འདི་ནས་མི་ཞིག་གི་ལས་བླང་བའི་དོན་སྙིང་ཧ་ཅང་གལ་ཆེན་ཞིག་ཡིན། སྙིང་སྡུག་ལགས་ ངས་དོ་ནུབ་ཁྱོད་ལྷག་ཏུ་དྲན་གི་ གང་ན་ཡོད།
ངའི་སྙིང་སྡུག་ཁྱོད་ང་ལ་དགའ་ཞིང་རང་ལ་གཅེས་པ་ཕ་མར་དུང་ཞིང་བུ་དང་བུ་མོར་སེམས་མཁན།དྲང་བདེན་གྱི་དར་ཆ་མཁའ་ལ་བསྒྲེང་ཞིང་གནས་ལུགས་ཀྱི་རི་བོའི་པང་ན་ཡོད་པའི་ཤ་མདང་སྨིག་པོ་ཅན་དེ་ཡིན།
ངའི་སེམས་ཀྱི་མི་ ད་དུང་གཅེས་ཕྲུག་ལ་ཕ་ལོ་དང་མ་ལོ་ཟེར་ནས་ཚ་ལྷོག་ལྷོག་གི་དྲོལ་འཁོལ་ཞིག་སྟེེར་དགོས་པ་མ་ཟད་ཤེས་རིག་གི་དགའ་ཚལ་ཞིག་ན་ཀ་ཁའི་མེ་ཏོག་གི་བཀྲགས་མདངས་ཡོད་པ་ངོ་སྤྲོད་བྱེད་དགོས་ལ་མི་རིགས་གང་གི་ཟུངས་ཁྲག་དྲོན་མོ་ཁོའི་ལུས་ན་རྒྱུ་བཞིན་པ་མཚམས་སྦྱོར་གནང་དགོས་པ་ཁྱོས་ཀྱང་བརྗེད་སྲིད་རྒྱུ་མ་རེད། དེ་དུས་སྙིང་སྡུག་ཁྱོད་དང་ངེད་གཉིས་མ་ཟད་རང་གཉིས་ཕ་མ་དང་ཕུ་ནུ་མང་པོའི་དགའ་མགུའི་མགོ་ལྕོག་མཉམ་དུ་ལྡེམ་ངེས་ཡིན།
༢༠༡༥/༥/༢༣ལ།
网友评论