སྐྱེ་དགུ་པ།
སློབ་ཐོན་སེམས་ཚོར་གང་འཆར་མ།
ཐལ་ཆེས་གཞན་རྗེས་འཛིན་པའི་གཡོ་ཟོལ་དང་། །
འོས་དཀའ་དཔེར་ལུས་རིག་པ་སྒྲུག་ཁུལ་གྱིས། །
རབ་མིན་རབ་ཏུ་འབྱམས་པའི་མིང་ཙམ་སོགས། །
སྐྱིད་སྣང་ཉི་ཚེ་ཞིག་ལས་མཐར་ཕྱིན་སྐད། །
གང་ཞིག་གཡོལ་མེད་བསྐོས་པའི་སྟེས་དབང་གིས། །
ཞིང་མཆོག་བོད་དབུས་ཡུལ་ནས་བགྲང་བྱ་དགུར། །
ཙ་ཏུ་ཏནྟྲའི་སྒྲོ་འདོགས་མ་ཆོད་བཞིན། །
འཆད་ཉན་ལས་ལས་ཐོན་ཟེར་ཁྲེལ་རེ་ཆེ། །
ཆུ་ཐིགས་ཙམ་གྱི་ཡོན་ཚད་ངོམས་འདྲ་འང་། །
མཐའ་ཀླས་གསོ་རིག་རོལ་པའི་མཚོ་ཡི་གཏིང་། །
དྲེགས་པ་ཀུན་བཤིག་ཚེ་གང་ཡུན་གྱིས་ནི། །
དེ་ཡི་ཟབ་དོན་ཚུལ་བཞིན་ངེས་རེ་དཀའ། །
འོན་ཏེ་འདས་པའི་ལོ་ཟླའི་ཕྱིར་འདང་ལ། །
ཐོས་བསམ་བགྱི་བར་བག་མེད་ལྷོད་གཡེང་ཐལ། །
ཁྱར་ཁྱོར་རྟིང་རྩ་འགྱུ་བའི་ཚུལ་དེ་ཡིས། །
ཆ་མེད་སླད་ཀྱི་ངལ་དུབ་ཐེག་རེ་ཁག །
སློབ་གཉེར་བགྱིས་གོམས་འཕྲལ་དུ་ཐོན་པའི་མུར། །
གདོད་ནས་བརྩམ་བྱ་ལེ་ཚན་གསར་པའི་དབུ། །
གང་ཅི་འོས་མིན་གཏོལ་མེད་གཏན་མེད་ཀྱི། །
སེམས་དེ་སྒྱུ་མའི་འཕྲུལ་བཞིན་དཔོག་རེ་ངལ། །
ཆོས་གྲོགས་གཞོན་ནུ་ཁྱུ་ཡི་ལང་ཚོ་དང་། །
བློ་རིག་རྣམ་པར་གདལ་བའི་དཔལ་ཡོན་ལས། །
ཐོས་བསམ་མཉམ་བགྱིས་གཞོགས་ལས་སློང་བའི་དྲིན། །
ཚེ་འདིའི་འགྲུལ་བཞུད་ལམ་གྱི་དངོས་གྲུབ་ཅིག །
མང་ལས་བདམས་མཛད་བདག་སོགས་ཅིག་ཅར་ལས། །
ངང་གིས་བབས་པའི་འགན་ཡང་རིགས་ལགས་པས། །
འདུན་པའི་མེ་ཕུང་བགྲོས་ལྟར་དབལ་ཚ་ཡིས། །
རྟོགས་དཀའི་འབྱུང་འགྱུར་ལམ་དུ་འབུངས་པར་མཛོད། །
བུདྡྷ་བཻཌཱུརྱ་འོད་དཔྱད་བུ་ཁྲི། །
ལོ་ཀ་ཙཀྵུ་གཡུ་མགོན་བྱང་ཟུར་སོགས། །
གངས་ལྗོངས་ཚེ་རིག་ཤིང་རྟ་ཡབ་སྲས་ཚོགས། །
འཕྲིན་ལས་རྒྱས་འཕེལ་འདོད་དོན་འཇོ་བར་རློབས། །
ཞེས་གསོ་རིག་སློབ་ཆེན་ལས་སློབ་གཉེར་རེ་ཞིག་མཇུག་སྒྲིལ་བར་བདག་དང་བདག་འདྲའི་ཆོས་གྲོགས་རྣམས་དང་ལྷན་དུ་བདེ་བླག་ངང་རབ་འབྱམས་པའི་སློབ་གནས་བླངས་ཁུལ་བྱས་པར་དྲན་འཆར་གང་བྱུང་དུ་སྦྱར་ཏོ། །
༢༠༡༨ ༦ ༡༧





网友评论